2016-03-28

༄༅།། དམིགས་བརྩེ་མའི་ལས་ཚོགས་ཀྱི་ནང་ནས་གྲིབ་སྲུང་བའི་ལས་ཚོགས་།།


༄༅།།  ན་མོ་གུ་རུ། འདིར་དམིགས་བརྩེ་མའི་ལས་ཚོགས་ཀྱི་ནང་ནས་གྲིབ་སྲུང་བའི་ལས་ཚོགས་ནག་འགྲོས་སུ་བྱ་བ་ལ།
 ཐོག་མར་བསྙེན་པ་གལ་ཆེ་བས་ལས་ཚོགས་འདི་བསྒྲུབ་པ་ལ་ཐོག་མར་གཤིན་རྗེ་གཤེད་བསྙེན་པ་སྔོན་དུ་སོང་ན་ལེགས་ཤིང་། དེ་ལྟར་མིན་ཡང་དམིགས་བརྩེ་མའི་བསྙེན་པ་སྔོན་དུ་ངེས་པར་འགྲོ་དགོས་པས་དེ་ལ་ཐོག་མར་གནས་ཁང་བྱི་དོར་བྱས་རྗེའི་བྲིས་སྐུ་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམས།
 མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས་པ་སྟན་ལ་འདུག་ལ། སྐྱབས་ཡུལ་རྣམས་གསལ་བཏབ་སྟེ། བླ་མ་ལ་སྐྱབས་སུ་མཆིའོ།  སངས་རྒྱས་ལ་སྐྱབས་སུ་མཆིའོ།     །ཆོས་ལ་སྐྱབས་སུ་མཆིའོ།   །དགེ་འདུན་ལ་སྐྱབས་སུ་མཆིའོ།    ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ།   །དཔལ་མགོན་དམ་པའི་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ།  
  ཞེས་པ་ལན་གསུམ་གྱིས་ཉུང་མཐའ་བྱས་པའི་གྲངས་ཇི་ལྟར་རིགས་པ་དང་།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།   །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།     །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས།     །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །    ཞེས་སོགས་ཀྱི་ཡང་སེམས་བསྐྱེད་།
མར་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག། །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག། ཅེས་པས་ཚད་མེད་བཞི་བསྒོམས།

དངོས་གཞི་ནི།
རང་གི་སྤྱི་བོར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ།   མཉམ་མེད་ཐུབ་པའི་དབང་པོ་ནས་རང་གི་དྲིན་ཆེན་རྩ་བའི་བླ་མའི་བར་གྱི་བླ་མ། ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་འདུས་པའི་བདག་ཉིད་ཐུབ་དབང་རྡོ་རྗེ་འཆང་ ་བློ་བཟང་གྲགས་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ།     ཞལ་གྱི་དཀྱིལ་འཁོར་ཤིན་ཏུ་འཛུམ་ཞིང་སྤྱན་དཀྱུས་རིང་བ།   སྐུ་ལ་ཆོས་གོས་ཀྱི་ངུར་སྨྲིག་གསུམ་མཛེས་པར་གསོལ་བ།   དབུ་ལ་པཎ་ཞྭ་གསེར་གྱི་མདོག་ཅན་སྣེ་རིང་གསོལ་བ།  ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་ཨུཏྤལ་ལའི་ཡུ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་གཡས་གཡོན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་དུ་ཤེས་རབ་གྱི་རལ་གྲི་དང་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ།   འོད་ཟེར་གྱི་ཚོགས་ཞིང་ཁམས་ཀུན་འགེངས་པར་འཕྲོས་པས།   ཞིང་ཁམས་ཐམས་ཅད་སྐུ་ལ་སྣང་ཞིང སྐུས་ཞིང་ཁམས་ཐམས་ཅད་ཁྱབ་པའི་བདག་ཉིད་ཅན་དུ་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱིས་ནམ་མཁར་སྤྱན་དྲངས།    ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར།

གང་གི་དྲིན་གྱིས་བདེ་ཆེན་ཉིད།  སྐད་ཅིག་ཉིད་ལ་འཆར་བ་གང་།  བླ་མ་རིན་ཆེན་ལྟ་བུ་ཡི།  རྡོ་རྗེ་ཅན་ཞབས་པད་ལ་འདུད།   ཅེས་ཕྱག་དང་།    དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང༌། །འཁོར་བ་མ་སྟོང་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌།   །བདག་གཞན་དགེ་རྣམས་བྱང་ཆུབ་ཆེན་པོར་བསྔོ།
ཞེས་ཡན་ལག་བདུན་པ་བྱ།      དེ་ནས་མཎྜལ་ཞིག་འབུལ་ལ།             ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱི་ཡིག་གི་མཐར་མཚན་སྔགས་ཀྱིས་བསྐོར་བ་ལས་བདུད་རྩི་འི་རྒྱུན་བབས་ལུས་ཀྱི་ནད་གདོན་སྡིག་སྒྲིབ་དག་དབང་བཞི་ཐོབ། སྐུ་བཞི་མངོན་དུ་གྱུར་བའི་ནུས་པས་བཞག་པར་བསམ་ལ།
ཨོཾ་ཨཱཿ་གུ་རུ་བཛྲ་དྷ་ར་སུ་མ་ཏི་ཀི་རྟི་སིདྡྷི་ཧཱུཾ་ཧཱུཾ།     ཞེས་ཅི་རིགས་པ་བཟླས་རྗེས།                         དགེ་བ་འདི་ཡིས་མྱུར་དུ་བདག།   བློ་བཟང་གྲགས་པ་འགྲུབ་གྱུར་ནས།   འགྲོ་བ་གཅིག་ཀྱང་མ་ལུས་པ།   དེ་ཡི་ས་ལ་འགོད་པ་ཤོག།།  ཅེས་སོགས་དང་།
 དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།     བདག་གི་སྙིང་གར་པདྨོའི་སྟེང་བཞུགས་ལ།     བཀྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་ཏེ།    མྱུར་དུ་ཁྱེད་རང་ལྟ་བུ་བྱིན་གྱིས་རླབས།
ཞེས་གསོལ་བ་བཏབ་པས།       བླ་མ་ལྷ་བདག་ཉིད་ལ་དགྱེས་བཞིན་དུ་ཐིམ་པས་རང་ཉིད་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ།     མཉམ་མེད་ཐུབ་པའི་དབང་པོ་ནས་རང་གི་དྲིན་ཆེན་རྩ་བའི་བླ་མའི་བར་གྱི་བླ་མ།    ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་འདུས་པའི་བདག་ཉིད་ཐུབ་དབང་རྡོ་རྗེ་འཆང་བློ་བཟང་གྲགས་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ།      ཞལ་གྱི་དཀྱིལ་འཁོར་ཤིན་ཏུ་འཛུམ་ཞིང་སྤྱན་དཀྱུས་རིང་བ།      སྐུ་ལ་ཆོས་གོས་ཀྱི་ངུར་སྨྲིག་གསུམ་མཛེས་པར་གསོལ་བ།    དབུ་ལ་པཎ་ཞྭ་གསེར་གྱི་མདོག་ཅན་སྣེ་རིང་གསོལ་བ།   ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་ཨུཏྤལ་ལའི་ཡུ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་གཡས་གཡོན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་དུ་ཤེས་རབ་གྱི་རལ་གྲི་དང་བརྒྱད་སྟོང་པའི་གླེགས་བམ་བསྣམས་པ།  ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ།   འོད་ཟེར་གྱི་ཚོགས་ཞིང་ཁམས་ཀུན་འགེངས་པར་འཕྲོས་པས།    ཞིང་ཁམས་ཐམས་ཅད་སྐུ་ལ་སྣང་ཞིང་སྐུས་ཞིང་ཁམས་ཐམས་ཅད་ཁྱབ་པའི་བདག་ཉིད་ཅན་དུ་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། ཞེས་པའི་བར་སྔར་བཞིན་བརྗོད།   
ཐུགས་ཀའི་ཧཱུཾ་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པརབསམས་ལ།    
ཨོཾ་ཨྰ༔གུ་རུ་་བཛྲ་དྷ་ར་སུ་མ་ཏི་ཀི་རྟི་ས་པ་རི་ལྦཱ་ར་ཨརྒྷཾ་ནས་ཤཔྟ་ཞེས་པའི་བར་གྱིས་མཆོད།  
རྒྱལ་བ་ཀུན་གྱི་མཁྱེན་བརྩེ་མ་ལུས་པ།    གཅིག་ཏུ་བསྡུས་པ་རྗེ་བཙུན་འཇམ་དཔལ་དབྱངས། ངུར་སྨྲིག་གར་རོལ་བློ་བཟང་གྲགས་པའི་དཔལ།     གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བསྟོད།
རང་ཉིད་རྗེ་བླ་མ་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ།  དྷཱི༔ཡིག་དམར་སེར་དེའི་མཐའ་སྐོར་དུ།   དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།    དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས་།   དུས་མིན་འཆི་བ་འཇོམས་མཛད་ཚེ་དཔག་མེད།    གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།    བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།    ཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས་འགྲོ་བའི་དོན་བྱས། སླར་འདུས་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམས། དམིགས་བརྩེ་མ་ཅི་མང་བཟླ་སྟེ་བསྙེན་ཚང་གི་འབུམ་ཕྲག་གསུམ་མོ།
 དེ་ནས་མཇུག་ཏུ།    དགེ་བ་འདི་ཡིས་མྱུར་དུ་བདག།   བློ་བཟང་གྲགས་པ་འགྲུབ་གྱུར་ནས།     འགྲོ་བ་གཅིག་ཀྱང་མ་ལུས་པ།    དེ་ཡི་ས་ལ་འགོད་པ་ཤོག།། ཅེས་སོགས་དང་སྔར་བཞིན། 
 ཨརྒྷཾ་སོགས་ཀྱིས་མཆོད་པ་འབུལ་ཞིང་བསྟོད་པས་ཀྱང་བསྟོད།  གཞན་ཡང་དཔལ་ལྡན་ས་གསུམ་མ་ལ་སོགས་པའི་བསྟོད་པ་དང་སྨོན་ལམ་ཅི་རིགས་པར་བྱའོ། དེ་ལྟར་བསྙེན་པ་སོང་ནས་ལས་ཚོགས་བསྒྲུབ་པ་ལ།་གཟའི་གནོད་པ་བཟློག་པར་བྱེད་པ་དང་སྤྱིར་གྲིབ་ཙམ་བཟློག་པའོ།

༄༅། བུམ་སྒྲུབ་ནི།
 ཨོཾ་ཨ་མྲྀ་ཏས་བསངས། སྟོང་པ་ཉིད་དུ་གྱུར།  སྟོང་པའི་ངང་ལས་པཾ་ལས་བྱུང བའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ།  མགྲིན་པ་རིང་བ།    མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པར་གྱུར།     ཨོཾ་ཏཔྟེ་ཏཔྟེ་མཧཱ་ཏཔྟེ་སྭཱཧཱ།     ལྷའི་ཆུ་བོ་གངྒཱ་དང་བུམ་པའི་ཆུ་དབྱེར་མི་ཕྱེད་པ་གྱུར།    བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱི༔་ཡིག་གི་མཐའ་བསྐོར་དུ་དམིགས་བརྩེ་མའི་ཡིག་འབྲུ་ཤེལ་ལྟར་འཚེར་བས་བསྐོར་བ་ལས་འོད་ཟེར་འཕྲོས།    ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་ཁྱད་པར་དུ་ཡང་དགའ་ལྡན་གྱི་གནས་ནས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་སྐུ་གསུང་ཐུགས་བྱིན་རླབས་ཐམས་ཅད་རྗེ་བླ་མའི་སྐུ་དང་ཕྱག་མཚན་དང་།    ས་བོན་དྷཱི༔་ཡིག་དང་རྡོ་རྗེ་རྣམ་འཇོམས་དང་།   ཕྱག་ན་རྡོ་རྗེ།   ཁྱུང་ཁྲ་ནག་ལ་སོགས་པའི་རྣམ་པར་སྤྱན་དྲངས།   བུམ་པའི་ནང་གི་དམིགས་བརྩེ་མ་ལ་ཐིམ་པས་དག་བྱེད་བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར།    གཟུངས་ཐག་ནས་བཟུང་སྟེ་ དམིགས་བརྩི་མ་ཅི་ནུས་བཟླ།   
 དེ་ནས་ཡིག་འབྲུ་ཟླ་བ་དང་བཅས་པ་འོད་དུ་ཞུ་ནས་ཆུ་ལ་ཐིམ་པ་གྱུར་།     སངས་རྒྱས་ཀྱི་བདེན་པ་དང་ཆོས་ཀྱི་བདེན་པ་དང་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བདེན་པ་དང་བདེན་པ་ཆེན་པོས་བྱིན་གྱིས་རླབས་ཏེ་བསྒྲུབ་བྱ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་པའི་གཟའ་ནད་ཐམས་ཅད་ཤཱནྟིད་ཀུ་རུ་ཡེ་སཱ་ཧཱ།   བྱ་རོག་གི་གདོང་ལས་བྱུང་བའི་ནམ་མཁའི་དུག་ཐམས་ཅད་དང་།  ལྷའི་གདོང་ལས་བྱུང་བའི་ཆུའི་དུག་ཐམས་ཅད་དང་།  རྒྱལ་པོའི་གདོང་ལས་བྱུང་བའི་སའི་དུག་ཐམས་ཅད་དང་།   སྲིན་པོའི་གདོང་ལས་བྱུང་བའི་མེའི་དུག་ཐམས་ཅད་དང་།   བདུད་ཀྱི་གདོང་ལས་བྱུང་བའི་རླུང་གི་དུག་ཐམས་ཅད་དང་།   མཚོན་ཆ་ལས་བྱུང་བའི་གནམ་ལྕགས་ཀྱི་གནོད་པ་རྣམས་དང་།   མིག་རྣམས་ལས་བྱུང་བའི་རྒྱུ་སྐར་གྱི་དུག་ཐམས་ཅད་དང་།   ཡན་ལག་རྣམས་ལས་བྱུང་བའི་ཀི་ཀང་གི་དུག་ཐམས་ཅད་དང་།   མཇུག་མ་བལྟ་བའི་དུག་ཐམས་ཅད་།   ཕྱི་མིག་བལྟ་བའི་དུག་ཐམས་ཅད་ཤཱནྟིད་ཀུ་རུ་ཡེ་སཱ་ཧཱ།   ཞེས་ལན་གསུམ་མང་དུ་མར་བཀྲུས་པས་ནད་གདོན་ཐམས་ཅད་ལུས་ཀྱི་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྡིག་པ་དང་སྦལ་ལྕོང་དང་། དུག་གི་ཁུ་བའི་རྣམ་པར་ཐོན་ཏེ་ལུས་ཐམས་ཅད་ཤེལ་གོང་རྡུལ་ཕྱིས་པ་ལྟ་བུར་གྱུར་བར་བསྒོམས་ཁ་ཆུ་ཅུང་ཟད་འཛིན་ཏུ་བཅུག་སྟེ་རྨ་བྱའི་སྒྲོའི་ཆུན་པོ་ཐོགས་ཏེ།     
རྡོ་རྗེ་དང་བཅས་པའི་རྨ་བྱའི་སྒྲོའི་ཆུ་པོའི་རྩེ་མོར་ཟླ་བ་ལ་གནས་པའི་དྷཱི༔་ཡིག།   དམིགས་བརྩེ་མ་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་གྱི་བཀྲུས་པས་མ་དག་པའི་ནད་ཀྱི་ལྷག་མ་རྣམས་བྱབས་ཤིང་དེད་དེ་ཁང་ནང་གི་ཆུ་ལ་ཐིམ་པ་གྱུར། ཞེས་བརྗོད་དེ་དམིགས་བརྩེ་མ་འདོན་པ་དང
སངས་རྒྱས་ཀྱི་བདེན་པ་དང་ཆོས་ཀྱི་བདེན་པ་དང་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བདེན་པ་དང་བདེན་པ་ཆེན་པོས་བྱིན་གྱིས་རླབས་ཏེ་བསྒྲུབ་བྱ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་པའི་གཟའ་ནད་ཐམས་ཅད་ཨ་པཎ་ཡེ་སཱ་ཧཱ།   བྱ་རོག་གི་གདོང་ལས་བྱུང་བའི་ནམ་མཁའི་དུག་ཐམས་ཅད་དང་། ལྷའི་གདོང་ལས་བྱུང་བའི་ཆུའི་དུག་ཐམས་ཅད་དང་།    རྒྱལ་པོའི་གདོང་ལས་བྱུང་བའི་སའི་དུག་ཐམས་ཅད་དང་།   སྲིན་པོའི་གདོང་ལས་བྱུང་བའི་མེའི་དུག་ཐམས་ཅད་དང་།   བདུད་ཀྱི་གདོང་ལས་བྱུང་བའི་རླུང་གི་དུག་ཐམས་ཅད་དང་།   མཚོན་ཆ་ལས་བྱུང་བའི་གནམ་ལྕགས་ཀྱི་གནོད་པ་རྣམས་དང་།   མིག་རྣམས་ལས་བྱུང་བའི་རྒྱུ་སྐར་གྱི་དུག་ཐམས་ཅད་དང་།    ཡན་ལག་རྣམས་ལས་བྱུང་བའིཀི་ཀང་གི་དུག་ཐམས་ཅད་དང་།   མཇུག་མ་བལྟ་བའི་དུག་ཐམས་ཅད་།   ཕྱི་མིག་བལྟ་བའི་དུག་ཐམས་ཅད་ཨ་པཎ་ཡེ་སཱ་ཧཱ།    ཞེས་བྱབས་ནས་ཁའི་དྲི་ཆུ། དྲི་གླུད་ཀྱི་སྟེང་དུ་འདོར་དུ་བཅུག། དྲི་ཆུ་དང་གླུད་ལག་ཏུ་ཐོགས་ནས་ནད་པ་ལ་སྐོར་བ་གཡས་སུ་བསྐོར་ནས།    ཨ་ཀ་རོ་ལན་གསུམ།         
སངས་རྒྱས་ཀྱི་བདེན་པ་དང་ཆོས་ཀྱི་བདེན་པ་དང་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བདེན་པ་དང་བདེན་པ་ཆེན་པོའ་བྱིན་གྱིས་རླབས་ཏེ་བསྒྲུབ་བྱ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བའི་གཟའ་གདོན་ཐམས་ཅད་དྲི་ཆུ་དང་དྲི་གླུད་འདིས་ཚིམ་པར་གྱིས་ལ་རང་རང་སོ་སོའི་གནས་སུ་སོངས་ཤིག། འདིར་མ་འདོས་ཤིག།          ཅེས་དྲི་ཆུ་དང་དྲི་གླུད་དོར། སཱུམྦྷཱ་ནི།    དྲག་ཏུ་བརྗོད། ཡུངས་དཀར་གྱིས་བྲབས། གུ་གུལ་གྱི་བདག་པར་ནི་བྱའོ། དེ་ནས་འབྲུ་དཀར་གཏོར་ཞིང་།    
 སངས་རྒྱས་རྣམས་ནི་བདུད་ལས་རྒྱལ།    ཆོས་ནི་ཆོས་མ་ཡིན་ལས་རྒྱལ།   དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ།    དབང་པོ་ལྷ་མིན་རྣམས་ལས་རྒྱལ།    །ལྷ་མིན་ཟླ་བ་རྣམས་ལས་རྒྱལ།   །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས།   །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ།   །ཆུ་ནི་མེ་ལས་རྒྱལ་བ་སྟེ།    །རླུང་ནི་སྤྲིན་ལས་རྒྱལ་བར་གྱུར།   །རྡོ་རྗེ་ཡི་ནི་རིན་ཆེན་ཕུག   །ལྷ་རྣམས་བདེན་པར་རབ་ཏུ་གནས།   །ས་ཡང་བདེན་པར་གནས་པ་ལ། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་རྫུན་མ་ལགས།     །བདེན་པ་དང་བདེན་པའི་ཚིག་འདི་དག་གིས་བསྒྲུབ་བྱ་འདི་ཉིད་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་དང་ཁྱད་པར་དུ་ཡང་གཟའ་གདོན་ཐམས་ཅད་རྒྱལ་ནས་ཤིན་ཏུ་བཀྲེས་པ་གྱུར་ཅིག      ཅེས་བརྗོད་ཅིང་གཟའ་ཡིགས་སྟེར། རྡོ་རྗེ་སློབ་མའི་སྙིང་ཁའི་དྷཱི་ཡིག་གི་མཐའ་བསྐོར་དུ་དམིགས་བརྩེ་མས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ཤ་སྐྱི་པགས་མཚམས་ཐམས་ཅད་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་ཁྱབ་པས་གཟའ་གདོན་གྱིས་གླགས་མི་རྙེད་པར་བསམ་ལ་དམིགས་བརྩེ་མ་གང་མང་བཟླ། 
སངས་རྒྱས་ཀྱི་བདེན་པ་དང་ཆོས་ཀྱི་བདེན་པ་དང་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་བདེན་པ་དང་བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཏེ་བསྒྲུབ་བྱ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་པའི་གྲིབ་དང་མི་གཙང་བ་ཐམས་ཅད་རཱཀྵ།རཱཀྵ།  བྱ་རོག་གི་གདོང་ལས་བྱུང་བའི་ནམ་མཁའི་དུག་ཐམས་ཅད་རཱཀྵ།རཱཀྵ།    ལྷའི་གདོང་ལས་བྱུང་བའི་ཆུའི་དུག་ཐམས་ཅད་དང་།    རྒྱལ་པོའི་གདོང་ལས་བྱུང་བའི་སའི་དུག་ཐམས་ཅད་དང་།   སྲིན་པོའི་གདོང་ལས་བྱུང་བའི་མེའི་དུག་ཐམས་ཅད་དང་།   བདུད་ཀྱི་གདོང་ལས་བྱུང་བའི་རླུང་གི་དུག་ཐམས་ཅད་དང་།    མཚོན་ཆ་ལས་བྱུང་བའི་གནམ་ལྕགས་ཀྱི་གནོད་པ་རྣམས་དང་།   མིག་རྣམས་ལས་བྱུང་བའི་རྒྱུ་སྐར་གྱི་དུག་ཐམས་ཅད་དང་།    ཡན་ལག་རྣམས་ལས་བྱུང་བའིཀི་ཀང་གི་དུག་ཐམས་ཅད་དང་།    མཇུག་མ་བལྟ་བའི་དུག་ཐམས་ཅད་།   ཕྱི་མིག་བལྟ་བའི་དུག་ཐམས་ཅད་རཱཀྵ། རཱཀྵ།    ཞེས་པ་བསྐྱུར་ཏེ་བསྒྲུབ་བྱའི་གནས་རྣམས་སུ་རྡོ་རྗེ་རྒྱ་བྲམ་རག་དེ་ནི། མཆོག་གསུམ་བསླུ་བ་མེད་པའི་བྱིན་རླབས་དང་ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་མཐུ་སྟོབས་ཀྱི། བསྒྲུབ་བྱ་འདི་ལ་བདག་གིས་བསྲུངས་ཟིན་ཅིང་། འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག་བཛྲ་རཱཀྵ། རཱཀྵ། 

 སེམས་ཅན་ནད་པ་ཇི་སྙེད་པ།            མྱུར་དུ་ནད་ལས་ཐར་གྱུར་ཅིག།                  འགྲོ་བའི་ནད་རྣམས་མ་ལུས་པ།          རྟག་ཏུ་འབྱུང་བ་མེད་པ་ཤོག།
                                             དགེ་ལེགས་འཕེལ།།

No comments:

Post a Comment