2016-06-27

༄༅། །སྒྲོལ་དཀར་ཡིད་བཞིན་འཁོེར་ལོའི་སྒོ་ནས་ཚེ་སྒྲུབ་བྱ་བ་བཞུགས་སོ།། །།



༄༅། །སྒྲོལ་དཀར་ཡིད་བཞིན་འཁོེར་ལོའི་སྒོ་ནས་ཚེ་སྒྲུབ་བྱ་བ་བཞུགས་སོ།། །།

འདིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྒོམ་བཟླས་ཉམས་སུ་ལེན་པར་འདོད་པས། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ།
 རྫོགས་པའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ  །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །རྗེ་བཙུན་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། ལན་གསུམ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ  །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ།།སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། །དེའི་ཆེད་དུ་རྗེ་བཙུན་མ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྒོམ་བཟླས་ལ་འཇུག་པར་བགྱིའོ  །ལན་གསུམ། བུམ་སྒྲུབ་ནི།། རང་ཉིད་སྐད་ཅིག་གིས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྐུར་བཞེངས་པར་གྱུར།  ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་སྭ་བྷ་ཝ་ཤུདྡྷ༔ སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོཉ་ཧཾ། སྟོང་པ་ཉིད་དུ་གྱུར་ སྟོང་བའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་བོ། ལྟོ་བ་ཆེ་བ།  མགྲིན་པ་རིང་བ་མཆུ་འཕྱང་བ་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་། བསང་ཆུ་མཆོད་རྫས་རྣམས་ཀྱི་བགེགས་དང་མ་དག་པ་སེལ་བའི་ནུས་པ་དང་ལྡན་པར་གྱུར།  ཨོཾ་བཛྲ་ཨ་མྲྀ་ཏ་ ཅི་འགྲུབ་བཟླས་ལ་བསང་ཆུ་བསྒྲུབ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ།    དངོས་གཞི། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན།ཞབས་བསིལ།  མེ་ཏོག །བདུག་སྤོས། སྣང་གསལ།དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར།   ཨོཾ་ཨརྒྷཾ། ནས་ཤཔྟ་བར་བརྗོད། རང་ཉིད་སྐད་ཅིག་གི་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་ཏཾ་ཡིག་ལས་འོད་ཟེར་འཕྲོས། པོ་ཏ་ལ་ནས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས།   འོད་ཟེར་རང་གི་སྙིང་ཁར་ཐིམ། ལྷ་དང་ལྷ་མིན་ཅོད་པཎ་གིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཨོཾ་ཨ་རྱ་ཏ་རེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་ཧྒྷཾ་སྭཱ་ཧཱ།  ཞེས་པ་ནས། ཤཔྟའི་བར་གིས་མཆོད།  དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར  །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར  །བང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཞེས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཨོཾ་སྭ་བྷཱ་ཝས་སྦྱངས།   སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་དང་ཨཱཿལས་ཟླ་བའི་དཀྱིལ་འཁོར་གི་སྟེང་དུ་རང་གི་སེམས་ཉིད་ཡི་གེ་ཏཾ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། སེམས་ཅན་གི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་མ་ཡིད་
བཞིན་གྱི་འཁོར་ལོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་།གཡོན་མེ་ཏོག་ཨུཏྤ་ལའི་ཡུ་བ་ཐུགས་ཀར་མཐེབ་སིན་གིས་འཛིན་པའི་སྙན་གྱི་ཐད་དུ་ཁ་བྱེ་བའི་ཡལ་ག་གསུམ་དུ་གྱེས་པའི་དབུས་མ་ཁ་ཤག་གིས་བྱེ་བ་གཡས་སྦུགས་ནས་འབྲས་བུ་ཡོད་པ། གཡོན་ཁ་མ་བྱེ་བ་དེ་གསུམ་གྱིས་དུས་གསུམ་གྱི་སངས་རྒྱས་མཚོན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཟླ་བའི་དཀྱིལ་འཁོར་ལ་སྐུ་དྲང་པོར་བསྟེན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ།དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ།ཐུགས་ཀར་ཧཱུཾ་སྔོན་པོ། སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཾ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་པོ་ཏ་ལ་ནས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀིས་བསྐོར་བ་སྤྱན་དྲངས། ཛཱཿ་ཧཱུཾ་བཾ་ཧོ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤི་ཡེ་ཨཱཿཧཱུཾ། ཞེས་བདུད་རྕིའི་ཆུས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱིས་དབུ་རྒྱན་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་ བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི ་མཆོད་ཡོན།ཞབས་བསིལ། མེ་ཏོག   བདུག་སྤོས། སྣང་གསལ།དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར།  ཨོཾ་ཨརྱ་ཏ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། པཱདྒྷཾ།པཱུཥེ། དྷཱུ་པེ། ཨ་ལོ་ཀེ གན་དྷེ། ནཻཝི་ཏེ། ཤཔྟ་ཨཱཿཧཱུཾ།བར་གྱིས་མཆོད་། འཁོར་བ་ལས་སྒྲོལ་ཏ་རེ་མ། །ཏུཏྟུ་རེ་ཡིས་འཇིགས་བརྒྱད་སྒྲོལ  །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད།    རབ་འབྱམས་རྒྱལ་བའི་མཁྱེན་བརྩེའི་འཕྲིན་ལས་རྣམས།   །རབ་མཛེས་ཡིད་འོང་ལྷ་མོའི་སྐུར་བསྟན་ནས། །རབ་མང་འགྲོ་ལ་ཚེ་དང་མཆོག་སྩོལ་མ། །རབ་དཀར་ལྷ་མོའི་ཨུཏྤལ་བསྣམས་ལ་བསྟོད། །ཅེས་པས་བསྟོད།   དེ་ནས་བཟླས་པ་བྱ་བ་ནི།རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཾ་ཡིག་གི་མཐར་སྔགས་ཕྲེང་གི་བསྐོར་བ་ལས་འོད་ཟེར་འཕྲོས། སྤྱི་བོའི་རིགས་བདག་ཚེ་དཔག་མེད་ཀི་ཐུགས་བརྒྱུད་བསྐུལ། ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་དངོས་གྲུབ་ཐམས་ཅད་བཀུག་སྟེ། བུམ་པའི་ནང་གི་ཧྲི་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་ཆུ་རྒྱུན་གིས་རང་གི་ལུས་ཐམས་ཅད་གང་ཏེ།  འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་གྱུར། ཨོཾ་ཏ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུར་པུ་ཎེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཅི་ནུས་བཟླས། དེ་ནས། ཨོཾ་བཛྲ་སཱཏ་སོགས་ཡིག་བརྒྱ་བཟླས་ནས།  དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་ཀྱི་བསྔོ་བ་དང་སྨོན་ལམ་བྱའོ།   མདུན་བསྐྱེད་བསྒྲུབ་པ་ནི། བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཚེ་རྫས་རྣམས་མི་དམིགས་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པད་དཀར་པོ་དང་། ཨཱཿལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཾ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་འཕགས་མ་ཡིད་བཞིན་གྱི་འཁོར་ལོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་
སྦྱིན་གི་ཕྱག་རྒྱ་དང་། གཡོན་མེ་ཏོག་ཨུཏྤ་ལའི་ཡུ་བ་ཐུགས་ཀར་མཐེབ་སྲིན་གིས་འཛིན་པའི་སྙན་གྱི་ཐད་དུ་ཁ་བྱེ་བའི་ཡལ་ག་གསུམ་དུ་གྱེས་པའི་དབུས་མ་ཁ་ཤག་གིས་བྱེ་བ་གཡས་སྦུགས་ནས་འབྲས་བུ་ཡོད་པ།གཡོན་ཁ་མ་བྱེ་བ་དེ་གསུམ་གྱི་དུས་གསུམ་གྱི་སངས་རྒྱས་མཚོན་པ་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཟླ་བའི་དཀྱིལ་འཁོར་ལ་སྐུ་དྲང་པོར་བརྟེན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། སྙིང་ཁར་ཟླ་བའི་དཀྱིལ་འཁོར་གི་སྟེང་དུ་ཏཾ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་པོ་ཏ་ལ་ནས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས།

  མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ།།དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ།།འགྲོ་ལ་བརྕེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པ། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ།   ཛཱཿཧཱུཾ་བ་ཧོ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར།  སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས།  ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱི་ཡེ་ཤེས་ཀྱི་བདུད་རྕིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤི་ཡེ་ཨཱཿཧ། ཞེས་བདུད་རྩིའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། འོད་དཔག་མེད་ཀྱི་དབུ་བརྒྱན་པར་གྱུར།
མཆོད་པ་བྱིན་གྱིས་བརླབ་པ་ནི།  ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན།ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར།ཨོཾ་ཨརྒྷཾ།པཱདྒྷཾ། པཱུཥེ། དྷཱུ་པེ། ཨ་ལོ་ཀེ། གན་དྷེ། ནཻ་ཝི་ཏེ། ཤཔྟ་ཨཱཿཧཱུཾ།  རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང་། །བདག་གིས་གུས་པས་བཤམས་པ་ནི། །སྒྲོལ་མ་འཁོར་དང་བཅས་ལ་འབུལ། །ཨོཾ་ཨརྱ་ཏ་རེ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་ཧྒྷཾ་སྭཱ་ཧཱ  དེ་བཞིན་དུ་ཚིག་གཞན་འདྲ་བ་ལ་མཆོད་ཡོན་གི་གནས་སུ་རིམ་བཞིན། ཞབས་བསིལ། མེ་ཏོག།བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། སིལ་སྙན། ཞེས་པ་རྣམས་བཅུག་ཅིང་། སྔགས་ཀྱི་ཐོག་མཐའ་འདྲ་ལ། ཨརྒྷཾ་གི་གནས་སུ་རིམ་བཞིན། པཱདྒྷཾ།པཱུཥེ། དྷཱུ་པེ། ཨ་ལོ་ཀེ གནཏེ། ནཻཝི་ཏེ། ཤཔྟ། ཞེས་པ་རྣམས་བཅུག་སྟེ། རང་རང་གི་ཕྱག་རྒྱ་དང་བཅས་པས་མཆོད།

 དེ་ནས་བསྟོད་པ་ནི། ཨོཾ་འཁོར་བ་ལས་སྒྲོལ་ཏ་རེ་མ། །ཏུཏྟུ་རེ་ཡིས་འཇིགས་བརྒྱད་སྒྲོལ  །ཏུ་རེས་ན་བ་རྣམས་ལས་སྒྲོལ  །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རབ་འབྱམས་རྒྱལ་བའི་མཁྱེན་བརྩེའི་འཕྲིན་ལས་རྣམས། །རབ་མཛེས་ཡིད་འོང་ལྷ་མོའི་སྐུར་བསྟན་ནས། །རབ་མང་འགྲོ་ལ་ཚེ་དང་མཆོག་སྩོལ་མ། །རབ་དཀར་ལྷ་མོ་ཨུཏྤལ་བསྣམས་ལ་བསྟོད། །རྒྱས་པར་སྤྲོ་ན་ཡན་ལག་བདུན་པ་ཡང་བྱ།  རྗེ་བཙུན་འཕགས་མ་སྒྲོལ་མ་དང༌། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཞེས་སོགས་ཀྱིས་བསྟོད་།།

དེ་ནས་ལྷའི་ཐུགས་ཀར་སྔགས་ཕྲེང་གིས་བསྐོར་བ་དང་འོད་ཟེར་དྲུག་བསྒྲག་གི་དམིགས་པ་གསལ་བཏབ་སྟེ། རང་རྗེ་བཙུན་མར་གསལ་བའི་ཐུགས་ཀའི་ཏཾ་ཡིག་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་རྗེ་བཙུན་མའི་ཐུགས་ཀའི་སྔགས་ཕྲེང་ལ་ཕོག །དེ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་རྣམས་འོད་ཟེར་གསེར་ཞུན་མའི་མདོག་ཅན་གྱི་རྣམ་པར་བཀུག་ནས་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྕིའི་རྒྱུན་བབས་པས་བསྒྲུབ་བྱ་ཟླ་བ་སེར་པོ་ལ་གནས་ཤིང་གོས་སེར་པོར་གསལ་བའི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཚེའི་བར་དུ་གཅོད་པ་ཐམས་ཅད་ཞི་སྟེ་འཆི་བ་མེད་པའི་ཚེའི་རིག་འཛིན་ཐོབ་པར་གྱུར། ཨོཾ་ཏ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུར་པུ་ཎེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ།

དམིགས་པ་དང་བཅས་ཏེ་སྤེལ་ཚིག་སྦྱར་ཏེ་ཅི་ནུས་བཟླས་པའི་མཐར། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་ཞེས་སོགས་ཡིག་བརྒྱས་ཆད་ལྷག་ཁ་བསྐང་།  མཆོད་བསྟོད་མདོར་བསྡུས་བྱའོ།། དེ་ནས་ཐུན་འཚམས་སུ་གཏོར་མ་འབུལ་པ་ནི།  ཨ་མྲྀ་ཏས་བསངས།  སྭ་བྷཱ་ཝས་སྦྱངས།
སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨརྱ་ཏ་རེ་ས་པ་རི་ཝཱ་ར་ཨི་དྒྷཾ་བ་ལྚིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་གིས་འབུལ།  ཨོཾ་ཨརྱ་ཏ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་ཧསྭཱ་ཧཱ། དེ་བཞིན་དུ་ ཤཔྟའི་བར་ གྱིས་མཆོད་།།  །རབ་འབྱམས་རྒྱལ་བའི་མཁྱེན་བརྩེའི་འཕྲིན་ལས་རྣམས།ཞེས་སོགས་ཀྱིས་བསྟོད་ཅིང་། དེ་ནས།  རྒྱལ་བའི་སྲས་པོ་ཨརྱ་ཏ་རེ་མ། །གདུང་ཤུགས་དྲག་པོས་ཐུགས་རྗེའི་ རྒྱུད་བསྐུལ་བས། །དམ་རྫས་རིལ་བུ་འདི་ལ་བྱིན་རློབས་ལ། །འགྲོ་རྣམས་སྨིན་ཅིང་གྲོལ་བར་མཛད་དུ་གསོལ  །རྩེ་གཅིག་གསོལ་བ་བཏབ་པའི་བྱེད་པོ་ཡིས  །འཕགས་མའི་ཐུགས་ཀའི་ཏཾ་ལས་འོད་འཕྲོས་པས། །རྒྱལ་བ་སྲས་བཅས་ཉན་རང་ལ་སོགས་པ། །སྐྱབས་གནས་ཀུན་གྱི་བྱིན་རླབས་ནུས་མཐུའི་ཚོགས།  །འོད་དང་འོད་ཟེར་བདུད་རྕིའི་ཆུ་རྒྱུན་དང་། །འཕགས་མའི་སྐུ་ཡི་རྣམ་པར་ཐོགས་མེད་བསྡུས། །རིལ་བུ་འཕགས་མ་སྒྲོལ་མའི་རྣམ་པ་ལ། །ཆུ་ལ་ཆུ་བཞག་བཞིན་དུ་རོ་གཅིག་གྱུར། །ཅེས་དང་བཅོམ་ལྡན་འདས་མ་ཚེ་སྦྱིན་ཡིད་བཞིན་གྱི་འཁོར་ལོས་བདག་དང་སྦྱིན་པའི་བདག་པོ་ལ་འཆི་མེད་ཚེ་དང་དཔལ་འབྱོར་ཕུན་སུམ་ཚོགས་པའི་དངོས་གྲུབ་མ་ལུས་པ་སྕལ་དུ་གསོལ།   ཞེས་འདོད་དོན་ལ་གསོལ་བ་བཏབ། དེ་ནས་གཏང་རག་གི་མཆོད་པ་ནི།  ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས།སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་ཨརྒྷཾ། པཱདྒྷཾ། པཱུཥེ། དྷཱུ་པེ།ཨ་ལོ་ཀེ གན་དྡེ། ནཻ་ཝི་ཏེ།ཤཔྟ་ཨཱཿཧཱུཾ ཞེས་བྱིན་གྱིས་བརླབས་ལ། ཨོཾ་ཨརྱ་ཏ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏི་ཙྪ་ཧ་སྭཱ་པཱདྒྷཾ། པཱུཥེ། དྷཱུ་པེ། ཨ་ལོ་ཀེ གནེ། ནཻ་ཝི་ཏེ།ཤཔྟ་པྲ་ཏི་ཙྪ་ཧྒྷཾ་སྭཱ་ཧཱའི་བར་གྱིས་ཚིགས་བཅད་སྔགས་དང་བཅས་པའམ། ཡང་ན་སྔགས་རྐྱང་གིས་འབུལ།  ཨོཾ་འཁོར་བ་ལས་སྒྲོལ་ཏ་རེ་མ། །ཏུཏྟུ་རེ་ཡིས་འཇིགས་བརྒྱད་སྒྲོལ  །ཏུ་རེས་ན་བ་རྣམས་ལས་སྒྲོལ  །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ  །རབ་འབྱམས་རྒྱལ་བའི་མཁྱེན་བརྩེའི་འཕྲིན་ལས་རྣམས།།རབ་མཛེས་ཡིད་འོང་ལྷ་མོའི་སྐུར་བསྟན་ནས། །རབ་མང་འགྲོ་ལ་ཚེ་དང་མཆོག་སྩོལ་མ། །རབ་དཀར་ལྷ་མོ་ཨུཏྤལ་བསྣམས་ལ་བསྟོད  །ཅེས་བསྟོད།ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། སོགས་ཡིག་བརྒྱ་བཟླས་ནས་།  མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས ་བཟོད་མཛད་རིགས། །ལྷག་པ་དང་ནི་ཆད་པ་དང་། །ཆོ་གའི་ཡན་ལག་ཉམས་པ་དང་། །བདག་གིས་བརྗེད་ངས་ཅི་མཆིས་པ། །དེ་ཡང་བཟོད་པར་མཛད་དུ་གསོལ  །བདག་ལ་དངོས་གྲུབ་མཆོག་སྩོལ་ལ། །ཏིང་འཛིན་ཀུན་གི་འབྲས་བུ་སྩོལ། །སེམས་ཅན་ཀུན་ལ་ཅི་འདོད་པའི། །དངོས་གྲུབ་བླ་ན་མེད་པ་སྕོལ།།བརྟན་བཞུགས་ནི། འདི་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཚེ་རྫས་ཀི་གཏོར་མ་གསར་རྙིང་བརྗེ་བ་དང་མཚམས་གྲོལ་བ་སོགས་ཀྱི་ཚེ། མདུན་བསྐྱེད་ཡེ་ཤེས་པ་གཤེགས།དམ་ཚིག་པ་འོད་དུ་ཞུ་ནས་ཚེ་རྫས་ཀྱི་གཏོར་མའི་རིལ་བུའི་རྣམ་པར་གྱུར། ཅེས་བརྗོད། དེ་ནས།

 ཕུན་སུམ་ཚོགས་པ་མངའ་བ་གསེར་གི་རི་བོ་འདྲ།།འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སངས་པ། །སངས་རྒྱས་པད་འདབ་མ་རྒྱས་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །ཞེས་སོགས་ཀྱི་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པར་བྱ་ལ། ཚེ་རྫས་རྣམས་དངོས་གྲུབ་ཀྱི་ཚུལ་དུ་ལོངས་སྤྱོད་ཅིང་། རྗེས་ཀྱི་བྱ་བ་རྣམས་མི་མངོན་པར་བྱའོ། །ཞེས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་རང་གཞན་གི་དོན་བྱ་ཚུལ་འདི་ནི་དོན་གཉེར་ཅན་མང་པོས་བསྐུལ་བའི་ངོར། རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་སྦྱར་བའོ།  འདི་ནི་སྤྱི་ལོ་༢༠༡༦ ཟླ་༦ཚེས་༢༧ དུས་དགེ་བའི་ཉིན་མོར། འབྲས་གོ་བོ་དགེ་སློང་བསྟན་འཛིན་མཁས་བཙུན་གྱིས་གློག་ཀླད་དུ་སྒྲིག་འཇུག་དང་དྲྭ་ཐོག་ཏུ་བགོད་པ་བགྱིས་པའི་དགེ་བས་སེམས་ཅན་རྣམས་ཀྱི་ནད་གདོན་འགལ་རྐྱེན་བར་ཆད་རྣམས་ཞི་ཞིང་ཚེ་དང་བསོད་ནམས་ཡེ་ཤེས་བླ་ལྷག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག 


No comments:

Post a Comment